ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ནི་སྤྱི་ལོ 1889  ལོར་མདོ་སྨད་སྟག་ཚང་ལྷ་མོ་ཞེས་པའི་ས་ཆར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས།  ཁོང་གི་ཕ་ཡུལ་སྟག་ཚང་ལྷ་མོ་ཡིན་པས་མཚན་ལ་ལྷ་མོའི་ཚུལ་ཁྲིམས་ཟེར། ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་ཐར་ཕྱིན་པར་གནང་པས་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་འཛོམས་པའི་མཁས་དབང་བླ་ན་མེད་པ་ཞིག་ཏུ་གྱུར། ཁོང་ནི་བླ་བྲང་བཀྲ་འཁྱིལ་གྱི་མཁས་པའི་དབང་པོ་ཞིག་ཡིན་ཤིང་། རྡོ་བིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཀྱང་ཡིན་པ་མ་ཟད། ཐོས་བསམ་གླིང་གི་ཨ་ཁུ་དམུ་དགེ་བསམ་གཏན་དང་། དུས་འཁོར་བ་སྨད་སོག་བཛྲ་བློ་བཟང་སྦྱིན་པ།  ཀྱཻ་རྡོར་བ་རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ་སོགས་བླ་བྲང་གི་མཁས་ཆེན་དེ་དག་གི་དགེ་རྒན་ཡིན། མཐར་དགུང་གྲངས་བདུན་ཅུ་བ་སྟེ་སྤྱི་ལོ 1958 ལོར་སྐུ་གཤེགས་པ་ཡིན་ནོ།